མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༨༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༨༽

 


2018-1-17 10:08:02 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་དཔལ་རྒྱལ་དབང་ཤར་རྫ་བའི་གདན་སར་གཟབ་རྒྱས་ངང་འཚོགས་པ།
11.jpg

   སྤྱི་ལོ༢༠༡༥ལོའི་ཟླ༩ཚེས༣ནས་བཟུང་དུས་ཡུན་ཉིན་ཧྲིལ་བོ་ལྔའི་རིང་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ་བརྒྱུད། ཟླ༩པའི་ཚེས༧ཉིན་གྱི་ཕྱི་དྲོ་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ཡོངས་སུ་མཇུག་སྒྲིལ་བར་བྱས། ཐེངས་འདིའི་ཚོགས་འདུ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི༧དཔལ་རྒྱལ་དབང་ཤར་རྫ་པ་ཆེན་པོ་སྙིགས་མའི་དུས་འདིར་ཟག་མེད་འཇའ་ལུས་ཀྱི་སྐུ་རུ་གཤེགས་པའི་དམ་པ་ཁོང་གི་གདན་ས་སྟེ། ཡོངས་གྲགས་ལ་ཤར་རྫའི་རི་ཁྲོད་དུ་འབོད་པའི་གནས་མཆོག་ཉམས་དགའ་བའི་གླིང་དེ་ལ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་ཐེངས་འདིའི་རྒྱས་འཛོམས་ཚོགས་ཆེན་ལ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཞིང་ལྗོངས་ལྔ་ནས་དགོན་སྡེ་སོ་སོའི་འཐུས་ཚབ་ཀྱི་ཁྱད་དབང་ལྡན་པའི་མི་སྣ༡༧༨ཚོགས་འདུར་དངོས་ཞུགས་མཛད་པ་ཕུད། ད་དུང་རྫ་ཆུའི་སྟོད་སྨད་དུ་འཁོད་པའི་བོན་གྱི་གཞོན་སྐྱེས་ཤེས་ལྡན་བཙུན་མ་དང་གྲྭ་བའི་དཔུང་སྡེ་འབོར་ཆེན་ཞིག་ཀྱང་ཚོགས་འདུའི་ནང་དོན་ལ་རྒྱུས་ལོན་ཡོང་བར་ཟུར་ཞུགས་གནང་བ་དང་། རྒྱ་རིགས་དགེ་བསྙེན་པ་སུམ་ཅུ་ལྷག་ཅིག་དམིགས་བསལ་གྱིས་ཚོགས་འདུར་མཇལ་བཅར་ཞུས་པ་རེད།

   སྤྱི་ཟླ༩ཚེས༣ཉིན་གྱི་ཞོགས་པར་སྦྲང་ཆར་བསིལ་མ་ཟམ་ཟིམ་དུ་འཇོ་བ་དང་བསྟུན། བར་སྣང་ལ་འབྱུང་ལྔའི་འཇའ་ཚོན་གྱི་གུར་ཕུབ་པ་སོགས་རྟགས་དང་རྟེན་འབྲེལ་གྱི་མཚན་མ་ཤིན་ཏུ་དགེ་བར་བསྟན་ཞིང་། ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་དང་སྤྱི་བདེ་མི་སྣས་བདེ་འཇགས་ལ་སྲུང་སྐྱོབ་ཡོང་སླད་ཚོགས་པར་ཕེབས་རོགས་བྱས་པ་བརྒྱུད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དཀར་མཛེས་རྫོང་མཁར་ནས་ཆས་ཏེ་དཔལ་རྒྱལ་དབང་ཤར་རྫ་བའི་གདན་སའི་ཕྱོགས་སུ་དལ་གྱིས་བསྐྱོད།

   དེ་ཡང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཉི་མ་བཞིན་འབར་བའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། མཁན་པོ་རིག་འཛིན་དབང་རྒྱལ་རྣམ་པ་གསུམ་གཙོར་བྱས་པའི་ས་གནས་དེ་ཀའི་མང་ཚོགས་ཀྱིས་རེ་སྒུག་ཡུན་རིང་དང་གྲ་སྒྲིག་གང་ལེགས་བྱས་པའི་འབད་བརྩོན་གྱི་རྔུལ་ཆུ་མི་རྣམས་ཀྱི་སེམས་ཁོང་ལ་འདྲེན་ཕྱིར། འཕེན་ཤུལ་ཟམ་ཁ་ཞེས་པ་ནས་བཟུང་ཤར་རྫའི་རི་ཁྲོད་ལ་ཐོན་རག་བར་དུ་རྫ་སྟེང་ཆེན་དགོན་པའི་དགེ་འདུན་འདུས་པ་རྒྱ་མཚོས་སྣེ་དྲངས་ཐོགརྫ་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་པའི་རྒྱུད་ཀྱི་བན་བོན་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བླ་གྲྭ་རྣམས་རང་རང་གི་ས་ན་ཚོམས་དང་ཚོམ་བུར་བྱས་ནས་སེར་ཕྲེང་ལ་བུད་པ་དང་། དགའ་གུས་ཡི་རང་གི་མིག་ཆུ་དབང་མེད་དུ་འཐོར་བཞིན་པའི་ལྷ་སྡེའི་མང་ཚོགས་ཀྱིས་དད་པའི་ལྷ་དར་རིང་མོ་མཐོ་རུ་བཏེགས་ནས་ལམ་ཟུར་ན་གྲལ་གྱི་ཕྲེང་བ་རིང་དུ་བསྟར་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་མཚོན་པའི་ཁམས་པའི་ཕོ་གསར་རྟ་བ་བདུན་བརྒྱ་ལྷག་གིས་གནའ་ཉམས་ཐོན་པའི་རྒྱན་གོས་དང་སྒ་ཆ་སྲབ་གསུམ་གྱི་མཛེས་བཀོད་གཅིག་གྱུར་བྱས་ཐོགསྐྱེས་པ་ལ་འོས་པའི་ཕོ་རྩལ་སྣ་དགུའི་ལྡེམ་མྱུར་གླག་རྒོད་མཁའ་ལ་ལྡིང་བ་ལྟར་ཅང་ཤེས་རྟ་ཕོའི་རྨིག་སྒྲས་ས་ཆེན་གཡོ་བའི་བརྗིད་ཉམས་གཟེངས་སུ་བསྟོད་བཞིན། ཚོགས་མི་ལྷན་རྒྱས་ཤར་རྫའི་རི་ཁྲོད་ལ་གཟབ་རྒྱས་ངང་བསུས་པ་དང་བསྟུན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་དང་། དེ་མཚུངས་གླིང་འདིར་གསར་དུ་བཞེངས་པའི་སྒྲུབ་གྲྭ་ཆེན་མོའི་སྒོ་འབྱེད་ཀྱི་མཛད་སྒོ་ལྷ་མི་དགྱེས་པའི་མཆོད་སྤྲིན་དུ་སྤེལ་བ་མཚོན་ཕྱིར། གཡུང་དྲུང་བོན་གྱི་བསྟན་པའི་བརྡ་དར་ཆེན་མོ་དད་པ་དང་སྨོན་འདུན་གྱི་ཀློང་ལ་བརྟེན་ནས་ཨ་སྔོན་ནམ་མཁའི་མཐོངས་སུ་ནམ་ཡང་ཡལ་བ་མེད་པར་བསྒྲེངས།

    ཐེངས་འདིའི་རྒྱས་འཛོམས་ཚོགས་ཆེན་སྟེང་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས། མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་བྱ་བའི་ལས་གཞི་དང་འབྲེལ་བའི་བརྒྱུད་རིམ་སྐོར་གྱི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ཁོང་གི་སྙན་ཞུའི་ནང་དུ། འདས་པའི་ལོ་ངོ་བརྒྱད་རིང་གི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཐམས་ཅད་ལ་ཕྱོགས་བསྡོམས་བྱས་པ་བརྒྱུད་ནས། ལོ་ངོ་དེ་དག་གི་ཚོགས་འདུས་གཏན་འབེབས་བྱས་པའི་གྲོས་ཆོད་བཞི་བཅུ་ཞེ་བརྒྱད་ཀྱི་ཁྲོད་ནས་ཡོངས་སུ་འགྲུབ་ཟིན་པའི་གྲུབ་འབྲས་སྐོར་ལ་མཚམས་སྦྱོར་མཛད་ཅིང་། དུས་ཚོད་ཀྱི་སྔ་འཕྱི་ཙམ་ལས་འགྲུབ་ངེས་ཡིན་པའི་ལས་གཞི་གང་དག་ད་ལྟ་ཇི་ལྟར་ལག་ལེན་དུ་འདེབས་བཞིན་པའི་གནས་ཚུལ་ལ་གསལ་བཤད་དང་། ཐབས་ཤེས་ག་འདྲ་བརྒྱུད་ཀྱང་ནུས་པ་ཁྱོན་ནས་མ་ཐོན་པར་ལུས་པའི་གྲོས་ཆོད་བཅུ་གཅིག་ལ་དམིགས་བརྗོད་ཀྱི་འགྲེལ་བཤད་བསྐྱོན་གནང་མཛད་པ་མ་ཟད། གལ་སྲིད་ང་ཚོས་སྤྱི་ཚོགས་ཐོག་ཏུ་གཤེན་བསྟན་ཤེས་རིག་གི་གནས་བབ་ལ་ཁེ་དབང་གི་ཐོབ་ཐང་འདྲ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས་ཚེ་རང་གཞན་རོགས་གསུམ་གང་གི་ཐད་ནས་ཀྱང་། ཚོགས་པའི་རྩ་འཛུགས་ཀྱི་ཁྲིད་སྟོན་དང་དེའི་སྟོབས་ཤུགས་ཀྱི་རིན་ཐང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་གྱི་འདུ་ཤེས་མཐོ་རུ་འདེགས་དགོས་པའི་སྐོར་ནས་རེ་འདུན་གལ་ཆེན་བཏོན་ཞིང་། ལོ་ངོ་བརྒྱད་ཀྱི་བརྒྱུད་རིམ་ཁྲོད་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བྱ་བཞག་ཆེ་ཕྲ་གང་ཅིའི་ཐད་ལ་རང་གི་རྣམ་དཔྱོད་ཀྱིས་ཁེབས་རྒྱས་མ་འདང་ཞིང་ལུས་སེམས་ཀྱི་རྩོལ་བའི་མ་ལྕོགས་པས། ཚོགས་གཙོའི་འགན་འཁྲིའི་ཆ་ནས་འཐུས་ཤོར་བྱས་ཡོད་རིགས་ལ་སྐྱེས་བུ་དམ་པའི་ངང་ཚུལ་བཞིན་ཁེངས་སྐྱུང་གིས་བཟོད་གསོལ་ཕུལ་བ་དང་། དེ་དང་བསྟུན་འཚོགས་བཞིན་པའི་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོའི་སྟེང་ཁོང་གིས་ཚོགས་གཙོའི་འགན་ཁུར་གཞན་ལ་སྤྲོད་རྒྱུའི་དགོངས་ཞུ་དོན་འཁྱོལ་ཡོང་དགོས་ཞེས་བསྟན་ཞིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་བླ་ཆེན་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུགརྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར། མཁན་པོ་རིག་འཛིན་དབང་རྒྱལ། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། མཁན་མོ་བདེ་ཆེན་དབང་མོ་སོགས་ཀྱིས་ཚོགས་ཆེན་ཐོག་སྔ་རྗེས་སུ་གསུང་བཤད་གལ་ཆེན་གནང་བ་རེད།

   མི་ཚེ་ཡི་ཞབས་རྗེས་ཤེས་རིག་གི་སྤང་ལྗོངས་ལ་བཀོད་ཅིང་། ཁེབས་ཆེ་བའི་ཐུགས་སྟོབས་ཀྱི་སྤོབས་པའི་ཟིལ་ཤུགས་རྒྱ་ཆེའི་བོན་དད་མང་ཚོགས་ཀྱི་སྙིང་དབུས་ན་དུས་རྟག་ཏུ་དྲོད་ཁོལ་གྱི་མེ་རུ་འབར། ལོ་ན་རྒན་གཞོན་དང་རྣམ་དཔྱོད་མཐོ་དམན་ཡོད་སྲིད་ཀྱང་རུང་། ཤེས་རིག་དང་བསྟན་དོན་ལ་ལྷག་བསམ་དྭངས་གཙང་ཡིན་པའི་ཐེངས་འདིའི་ཚོགས་ཞུགས་མི་སྣ་རྣམས་ཚན་ཆུང་བཞི་རུ་བགོས་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་དང་། ལི་ཤུ་གཤེན་རྒྱལ་བསྟན་འཛིན། སེང་སྤྲུལ་རིག་འཛིན་ཉི་མ། རག་ཞིག་ཀུན་གསལ་སྙིང་པོ་སོགས་ཀྱིས་ཚོགས་ཆུང་གི་འགོ་འཛིན་བྱས་པའི་སྣེ་ཁྲིད་འོགཉིན་གཉིས་དང་ཕྱེད་ཀའི་རིང་ལ་ཚོགས་བཞུགས་མི་སྣ་ཚང་མས་བསྟན་དོན་ཡིད་ཡུལ་དུ་བཞག་ཅིང་དེ་ཉིད་ཀྱི་ངོ་བོ་ཇི་ལྟར་ཡར་རྒྱས་གཏོང་སྟངས་སྐོར་ནས་གསུང་གླེང་ལྷུག་བརྗོད་བྱས་པ་རེད།

    མི་ཕོ་རླབས་ཆེན་གྱི་མཛད་རྗེས་འཛམ་གླིང་གི་མཁའ་ལ་རྟག་ཏུ་འབར། མི་ཕོ་རླབས་ཆེན་གྱི་ཡོད་ཚད་ཀྱི་ཡོད་ཚད་དེ་གཡུང་དྲུང་གི་བོན་ལ་དབང་བར་བྱས་ཤིང་། མི་ཕོ་རླབས་ཆེན་གྱི་མཁྱེན་རྒྱ་ཡངས་པའི་ཐུགས་སྟོབས་ལས་ཞང་བོད་ཤེས་རིག་གི་བློ་ཁོག་དེའང་འཛམ་གླིང་ལ་དབང་བར་བྱས། འདི་ནི་ལོ་རྒྱུས་ཀྱིས་གཏན་ནས་བརྗེད་མི་སྲིད་ལ་སྙིགས་མའི་དུས་ལ་བསམ་བཞིན་གང་ཟག་མི་ཡི་གཟུགས་སུ་བྱོན་པའི་ས་སྟེང་གི་སངས་རྒྱས་རྣམ་གཉིས་ཏེ། རྒྱལ་བ་སྨན་རི་བ་ཆེན་པོའི་བརྩེ་ཆེན་སྙིང་རྗེའི་རང་གཟུགས་ལས་སྤྲུལ་བའི་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་དེ་རེད།

    བྱས་པ་ལ་དྲིན་དུ་གོ་ཞིང་ཐར་ལམ་སྟོན་མཁན་གྱི་སྐྱེས་བུ་དམ་པ་གཙུག་ཏུ་བཀུར་བ་དེ་ནི་བོད་ཀྱི་གོམས་ལུགས་གཤིས་བཟང་གི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་ལྟར། བོད་ཆོལ་ཁ་གསུམ་ནས་ཕེབས་པའི་ཚོགས་བཞུགས་མི་སྣ་བླ་གྲྭ་ཇོ་སྔགས་སུམ་བརྒྱ་ལྷག་གིས་ཐུགས་སྟོབས་དང་དད་འདུན་གྱི་མོས་གུས་ཆེ་རུ་བསྐྱེད། མཛད་འཕྲིན་དང་གསང་གསུམ་གྱི་ཡོན་ཏན་བློ་ངོར་བཀོད། ཡིད་ཆེས་དང་བཀའ་དྲིན་ཟབ་མོ་སྙིང་བཅུད་དུ་འཕོས་པར་བྱས་ཏེ། ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཞབས་བརྟན་རིམ་གྲོ་གནད་སྨིན་དུ་བྱས་ཤིང་། དེ་མཚུངས་ཚོགས་འདུ་འཛིན་སྐྱོང་དྲུང་ཡིག་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་བརྒྱུད་རིམ་འོགསྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་དང་། རྔ་ཡུལ་རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་བཅས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་མཇལ་བཅར་ཞུ་བར་ཕེབས་པའི་གྲྭ་བཙུན་སྟོང་ཕྲག་ཙམ་དང་མང་ཚོགས་ཆིག་ཁྲི་སུམ་སྟོང་ལྷག་ལ་ཉེ་བར། ཉིན་གསུམ་གྱི་དུས་ཡུན་བེད་སྤྱད་དེ་མཉམ་འབྲེལ་ལྷན་ཚོགས་མཚམས་སྦྱོར་བྱས་པ་དང་སྦྲགས་སྙིང་རྗེ་སྐོར་ལ་རང་གི་ལྟ་ཚུལ་ཁྱབ་ཁོངས་དང་འཚམ་པའི་འགྲེལ་བརྗོད་ཅི་ནུས་བྱས་པ་རེད། དེ་ཡང་མཉམ་འབྲེལ་ལྷན་ཚོགས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤེལ་བའི་ལོ་རྒྱུས་ཐོག་གི་གཤེན་བསྟན་ཤེས་རིག་དར་རྒྱས་བྱ་བཞག་གི་འཕྲིན་ལས་འདེགས་པའི་ཆ་ནས། དགོན་སྡེ་གཅིག་དང་མི་སྒེར་གང་ཡིན་ཡང་ཚབ་བྱེད་མི་ཐུབ་པའི་ལོ་རྒྱུས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པར་བསྙད་པ་དང་། དེའི་རྒྱུ་མཚན་ཡང་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ལམ་ལུགས་ཀྱི་ངོ་བོ་དེ་ནི་བོད་ཀྱི་བོན་བསྟན་སྤྱིའི་ཁེ་ཕན་ལ་དབང་བའི་ལམ་ལུགས་ཤིག་ཏུ་གྲུབ་པར་བྱས་ཡོད་པས་ཡིན་ཞིང་། དེས་ན་ངེད་ཅག་བླ་གྲྭ་ཇོ་སྔགས་ཙམ་དུ་མ་ཟད། བོན་དང་ཞང་ཞུང་ཤེས་རིག་ལ་མོས་པའི་བློ་སྣ་ཡོད་མཁན་ཐམས་ཅད་ཀྱིས་ཀྱང་དོ་ཁུར་བྱེད་འོས་པའི་ཚོགས་པ་རྩ་ཆེན་ཞིག་ཡིན་པ་མང་དུ་སྨྲ་མི་དགོས་པར་གསུངས་ཤིང་། ལྷག་དོན་དུ་རང་ཉིད་ཚུད་པའི་འོ་སྐོལ་རྒན་དར་གཞོན་གསུམ་སུ་ཡིན་ཡང་འགག་ལ་ཐུག་དུས་ཅི་ཡང་ལེན་རྒྱུ་དང་རེ་བ་བརྒྱག་ས་གང་ཡང་མེད་པའི་རྫོབ་ཁོག་སྟོང་བ་སྟོང་རྐྱང་ལྟ་བུ་ཞིག་མ་ཡིན་པར། ནམ་རྒྱུན་དོན་དང་བྱ་བ་གང་ལ་འཇུག་ཚེ་དམངས་དོན་ལ་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བར་བཟང་སྤྱོད་དང་ཀུན་སློང་བཟང་བོ་རྩལ་ཏུ་འདོན་པ་རྨང་གཞིར་བྱས་པའི་སྟེང་དུ། བློ་གཅིག་སེམས་གཅིག་གིས་སྤྱི་ཚོགས་ལ་ཞབས་འདེགས་སམ་གཞན་དོན་དེ་གཡོ་སྒྱུ་མེད་པའི་སྒོ་ནས་གཙང་མ་ཞིག་སྒྲུབ་ཨེ་ཐུབ་བསམ་རྒྱུའི་སེམས་ཤུགས་ཀྱི་ངོ་བོ་སྟོབས་ལྡན་དུ་བསྐྱེད་ཅིང་བསྲིང་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལས་ཡོངས་སུ་བྲལ་བར་འདོད་པའི་མི་གཞིའི་འདུ་ཤེས་འཛིན་སྟངས་ཀྱི་བསམ་བློའི་སྙིང་སྟོབས་ཁྱད་པར་ཅན་ཞིག་ཆགས་ཐབས་ལ་བརྩོན་དགོས་ཤིང་། དེ་འདྲའི་སེམས་ཀྱི་སྟོབས་ཤུགས་གསོན་པོའི་ཡུལ་དངོས་དེ་ལ་གང་ཟག་རང་གི་སེམས་ཀྱི་རྐང་བ་དམར་རྗེན་ངང་དམ་དུ་འཛུགས་ཐུབ་བམ་མི་ཐུབ་ཀྱི་བསམ་པའི་བཟང་ངན་གྱི་ཆ་ནས། རང་ཅག་གིས་དུས་ཀུན་ཉམས་ལེན་དུ་འབོད་པའི་ནང་དོན་དེ་ཉིད་ཤུགས་ཆེར་ཐོན་གྱིན་ཡོད་སྟབས། སྙིང་རྗེ་ཆེན་པོ་གཞན་དབང་དུ་གྱུར་བའི་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་ཞལ་སྔ་ནས་ཀྱང་། ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས། །ཞེས་དང་ཡང་ན་བོན་འཁོར་ཚིག་བཞིའི་མདོ་ལས། བོན་ཐམས་ཅད་ཀྱི་གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིགཅེས་གསུངས་པ་ལྟར་གལ་སྲིད་རང་ཅག་གིས་གཡུང་དྲུང་གི་བོན་རྣལ་མ་ཞིག་སྒྲུབ་དགོས་པའི་དབང་དུ་བྱས་ན། གཙོ་བོ་བོན་སྒྲུབ་མཁན་དེ་རང་གི་སེམས་ལ་ཐུག་ཡོད་པར་ཤེས་དགོས་པ་དང་། སེམས་དེ་ཡང་སྙིང་རྗེའི་སྟོབས་ཀྱིས་ཟིན་པའི་ཀུན་སློང་བཟང་པོར་ཕན་ཚུན་རྐྱ་བརྒྱབ་ནས་བཟང་སྤྱོད་དང་ལྷན་དུ་ཉམས་ལེན་གྱི་ཐང་ཆེན་ལ་གོམ་སྟབས་ཀྱི་འདེགས་འཇོག་བསྒྱུར་བར་འབད་ཅིང་། རང་གི་སེམས་དེ་བསྐྱུར་ནས་དེ་ལ་བདག་པོ་ཅི་ཡང་མི་བརྒྱག་པར་སེམས་ལས་གཞན་པའི་བོན་སྒྲུབ་མཁན་གྱི་གང་ཟག་ནག་ཡོར་རེ་བ་ཞིག་སྲིད་པ་གསུམ་ལ་བཙལ་ཡང་རྙེད་དུ་མེད་པའི་ཚུལ་ལ་ངེས་པ་ཡང་དག་འདྲེན་དགོས་ཐོགཉམས་ལེན་ཞེས་པའི་ཐ་སྙད་དེ་སྦྱར་མ་སྦྱར་གང་ལྟར་ཡང་རང་ཅག་གི་རྒྱུན་ལྡན་འཚོ་བའི་གོ་རིམ་གྱི་གཞི་རྩར་ཁ་འབྲལ་ཐབས་མེད་པ་ཞིག་ནི། གཞན་དོན་ལ་དམིགས་པའི་ཐེག་ཆེན་ལམ་གྱི་གཞུང་ཤིང་སྟེ་བྱམས་དང་སྙིང་རྗེ་ཚུད་པའི་བྱང་ཆུབ་སེམས་ཀྱི་ནོར་བུ་རྩ་ཆེན་དེ་ཡིན་པས། དེ་འདྲའི་བསམ་པ་རྒྱ་ཆེ་བའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བོན་ཐམས་ཅད་ཀྱི་གཞི་དང་རྩ་བ་ཡིན་སྟབས་རང་གི་ཉིན་རེའི་འཚོ་བ་དངོས་ཀྱི་ནང་དུ། རང་ཉིད་ཀྱི་གཡས་གཡོན་དུ་ཡོད་པའི་སྣང་ཚུལ་སྤྱིར་བཏང་བ་དེ་རིགས་ཀྱི་ཐོག་ནས་གཞན་ལ་ཕན་པ་དང་རོགས་རམ་བྱེད་པའི་དགེ་སེམས་ཀྱི་ངོ་བོ་གོང་འཕེལ་དུ་གཏོང་བ་ལག་ལེན་དང་ཁ་བྲལ་བར་བློ་དམའ་ས་ནས་ཡར་ལ་རིམ་པ་བཞིན་ཅི་ནུས་གང་ནུས་སུ་སྦྱོང་བར་འཇུག་ཅིང་། དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་རིན་པོ་ཆེའི་ཚེ་སྲོག་གི་ངོ་བོའི་རིན་ཐང་འཚེ་མེད་ཞི་བདེ་དང་ཕར་ཕྱིན་དྲུག་ལྡན་གྱི་ཀུན་སྤྱོད་ཐོག་ལ་དུས་ཀུན་ལག་འཇུ་མ་ལྷོད་པ་ཞིག་བྱེད་རྒྱུ་དེ་ནི། སྤྱི་ཚོགས་ལ་མཚོན་ན་མིའི་རང་གཤིས་ཁྱད་དུ་འཕགས་པ་ཞིག་དང་རང་དོན་ལ་མཚོན་ན་ཉམས་ལེན་གྱི་ཡང་རྩེ་རུ་སྙེག་ཡོད་པའི་སྐོར་ནས་བཀའ་སློབ་ཟབ་རྒྱས་སུ་གནང་བས་མ་ཚད། ཚོགས་བཞུགས་བསྟན་འཛིན་སྐྱེས་ཆེན་རྣམ་པས་ཀྱང་ཕྱོགས་འདུས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བྱིན་རླབས་ཀྱི་ཕྱག་དབང་བསྩལ་བ་སོགས་འབྲེལ་ཚད་དོན་ལྡན་དུ་བྱས་པ་རེད། དེས་མཚོན་ད་དུང་ཚོགས་ཞུགས་མི་སྣ་ལྷན་རྒྱས་རྫ་སྟེང་ཆེན་དགོན་ལ་ཆིབས་བསྒྱུར་མཛད་དེ་དགོན་དེའི་འཆད་ཉན་བཤད་སྒྲུབ་ཀྱི་གནས་ཚུལ་ལ་ཐུགས་སེམས་འོ་ཆུ་གཅིག་ཏུ་འདྲེས་པའི་རྒྱུས་ལོན་འཚམས་འདྲི་གནང་ཐོགབཟོ་བཀོད་བཞེངས་བསྐྲུན་གྱི་ཞིབ་ཚགས་དང་བརྐོས་རིས་མཛེས་རྩལ་གྱི་ཁྱད་བོན་སོགས་གང་ཐད་ནས་སེམས་ཀྱང་། དེ་སྔོན་བོད་ཁ་བ་ཅན་ལ་གཅིག་ལས་གཉིས་སུ་མཐོང་བར་དཀོན་པའི་ཚོགས་ཆེན་འདུ་ཁང་གསར་བཞེངས་ལ། གཟིགས་སྐོར་བྱིན་རླབས་རབ་ཏུ་གནས་པའི་ལོ་རྒྱུས་ཀྱི་བཀའ་དྲིན་བླ་མེད་བསྟན་དོན་གྱི་བྱ་བཞག་ཏུ་ལེགས་པར་བསྩལ་བ་རེད།

    དེ་རིང་ནི་སྤྱི་ཟླ༩ཚེས་༥ཡིན་ཞིང་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོའི་གཟི་ཉམས་ཚོགས་ཁང་ཡོངས་ལ་སྔར་བཞིན་བླ་མེད་དུ་འབར། ནང་དུ་དངོས་པོ་རང་ཉིད་ལ་དབང་བའི་མཁའ་དབུགས་གཙང་མ་དེ་ལས་གཞན་པའི་དངོས་པོ་ཅི་ཡང་མཐོང་རྒྱུ་མེད་ཀྱང་། ཕྱི་རུ་འདེམས་ཤོག་འཕེན་པའི་སྒམ་ཞེས་གོས་ཆེན་སེར་པོའི་སྟེང་དུ་བྲིས་འདུག་པའི་ཤིང་སྒམ་ཆུང་ཆུང་དེ་ཉིད། ལྷན་ཚོགས་ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་དང་། དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་བསྐལ་ཁོ་རྣམ་པ་གཉིས་ནས་ཕྱག་ཏུ་འདེགས་བཞིན་ཚོགས་མི་སུམ་བརྒྱ་ལྷག་གིས་མཐའ་བསྐོར་བའི་ཚོགས་ཁང་གི་དབུས་ཀྱི་མདུན་ཅོག་སྟེང་དུ་བཞག་ཅིང་། དེ་དང་ཆབས་ཅིག་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། སྙན་བཟང་བསོད་ནམས་གཡུང་དྲུང་། ཁྲོ་གཙུག་ཕུད་ཚུལ་ཁྲིམས། རིན་སྤུངས་ཚུལ་བསྟན། ཨ་ཀུན་གསལ་ཟླ་བ་སོགས་ཀྱིས་ཚོགས་འདུའི་འོས་ཤོག་འཕེན་པའི་གནས་ཚུལ་ལ་གཟིགས་རྟོགས་གཙང་མ་ཡོང་སླད་ཡར་བཞེངས་ཏེ་ཚོགས་པའི་ཕྱི་ནང་གསང་གསུམ་ལ་འགན་ཁུར་གྱིས་ཁྱབ་པར་བྱས།

   སྐབས་འདི་དང་བསྟུན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་གཟབ་ནན་གྱིས་བསྟན་དོན། མ་རྟོགས་ལོག་རྟོག་དང་ཚུལ་མིན་ཞུམ་ཅན་གྱི་སེམས་པའི་ནད་བརྒྱ་དྲུངས་ནས་འབྱིན་ཞིང་། རྒྱུ་འབྲས་དཔང་པོར་བཞག་ནས་བདེན་པའི་གནས་ལུགས་ལ་དོ་ཁུར་བླ་ལྷག་བྱེད་རྒྱུ་དེ་ནི། ང་ཚོ་དགེ་བྱེད་པའི་དཔུང་ཁག་གི་སྲོལ་རྒྱུན་བཟང་བོ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་དོན་སྙིང་བླ་མེད་ཡིན་པར་མ་ཟད། འཇིག་རྟེན་མིག་ཡོད་ཐམས་ཅད་ཀྱིས་ང་ཚོར་ཡིད་ཆེས་དང་ཚད་མཐོའི་གདེངས་འཇོག་བྱེད་པའི་རྒྱུ་མཚན་ཞིག་ཀྱང་གནས་ལུགས་དེ་དག་དང་འབྲེལ་བ་ཞིག་མེད་དམ་སྙམ་ཡོད། དེ་རིང་ང་ཚོས་འདི་ནས་བྱང་ཁོག་སྤྲོ་སྣང་གི་ཁེངས་བཞིན་ཞང་ཞུང་ཤེས་རིག་ལ་དབང་བའི་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བྱ་བའི་ཡུལ་དངོས་ཀྱི་ཤོག་དཀར་གཙང་མའི་སྟེང་དུ། ང་ཚོ་ཐུན་མོང་ནས་བསྟན་དོན་ལ་དོ་ཁུར་གནང་བ་མཚོན་པའི་ལོ་རྒྱུས་ཀྱི་མིང་ཐོ་འགོད་པའི་གཟི་བརྗིད་ཀྱི་ཉིན་མོ་ཞིག་ཏུ་འཁེལ་ཡོད་ན། རྒྱུན་ལས་ཚོགས་འདུའི་སྟེང་དཔྱད་ཞིབ་བྱས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་གཙོར་བྱས་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་དང་། དེ་བཞིན་དྲུང་ཆེ་དང་དྲུང་ཡིག་ཆེན་མོ་གཞོན་པར་བདམ་བྱའི་འོས་མིའི་མཚན་ཐོ་རྣམ་པ་ལྷན་རྒྱས་ལ་ཉམས་ཞིབ་སྤྱན་རས་གཡོ་བའི་འབབ་སྟེགས་སུ་ཕུལ་ཡོད་ཀྱང་། འོན་ཏེ་གསལ་བཤད་ཞུ་རྒྱུ་ཞིག་ལ། རྣམ་པ་ཚོས་འོས་ཤོག་སུ་ལ་འཕེན་རྒྱུ་དེ་ནི་རང་ཉིད་ཀྱི་མ་མཐའི་ཆ་རྐྱེན་ཡིན་པར་ཚོགས་པས་ཐེ་གཏོགས་གང་ཡང་བྱེད་རྒྱུ་མིན་ཞིང་བྱེད་རྒྱུའི་དབང་ཆ་ཨེ་ཡོད་ཀྱི་རེ་བའང་ཁྱོན་ནས་རྒྱག་དོན་མེད། དེ་བས་མཐའ་མཇུག་གི་གྲུབ་འབྲས་ཡོད་ཚད་དམངས་གཙོ་དང་། རང་དབང་། འདྲ་མཉམ་བཅས་ཀྱི་སྒོ་ནས་འཕངས་པའི་འོས་ཤོག་གི་མང་ཉུང་ལྟར་བདེན་པས་ཐག་གཅོད་རྒྱུ་ཡིན་ན། རྣམ་པ་ལྷན་རྒྱས་ཀྱི་ངོས་ནས་དེ་རིང་བསྟན་དོན་ལ་དགའ་དང་བྲོད་པའི་སྙིང་སྟོབས་མཐོ་རུ་འཕྱུར་བ་ཙམ་དུ་མ་ཟད། སྤྱི་ཕན་རྒྱང་རིང་གི་གཟིགས་རྒྱའི་བསམ་པ་དྲང་བཞག་དེ་ཉིད་ཀུན་སྤྱོད་ལག་ལེན་གྱི་གནད་ལ་དམ་དུ་འཁེལ་ཞིང་། ཀུན་སློང་ཡག་པོའི་མི་གཞི་ལ་ཕྱོགས་ཞེན་གྱི་ཆག་དཀྲུམས་མ་ཤོར་བ་བྱས་ཏེ་སྐབས་གཉིས་པའི་མི་སྣ་གཙོ་བོ་གང་དག་བདེ་ལེགས་ངང་འདེམས་ཐོན་གནང་ཐུབ་པར། ཡིད་ཆེས་དང་སྤོབས་པའི་ཤེས་རབ་ཀྱིས་ཁོ་བོ་ཅག་གི་སེམས་ཁོང་ཡོངས་སུ་གཏམས་ཡོད་པས་ཡིན།

དེ་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོས་ཚོགས་འདུ་ལ་ཐུགས་རེ་གལ་ཆེན་དུ་བཏོན་པ་གཞིར་བཞགཐེངས་འདིར་འདེམས་ཤོག་འཕེན་པར་དབང་ཆ་ཡོད་པའི་མི་གྲངས༡༧༨ཀྱིས་རྣམ་འགྱུར་གཟབ་ནན་དུ་འཛིན་པ་དང་། རང་གི་ལངས་ཕྱོགས་བརྟན་པོའི་འདོད་བློ་འོས་ཤོག་ལ་བཀོད་དེ་མི་མང་གིས་གྲལ་གྱི་ཕྲེང་བའི་རིམ་པ་ལྟར་འཕངས་ཟིན་པའི་འོས་ཤོག་རྣམས། དྲུང་ཡིག་ཚན་ཁག་གིས་རྩིས་གཤེར་བྱས་པ་བརྒྱུད་དེ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ཉིད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོར་བདམས་ཐོན་བྱུང་བ་དང་། དེ་བཞིན་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་ཉིད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། དྲུང་ཡིག་ཆེན་མོར་སྨན་རིའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རབ་འབྱམས་པ་རིན་སྤུངས་ཚུལ་བསྟན་ལགས་ནི་དྲུང་ཡིག་ཆེན་མོ་གཞོན་པར་བདམས་ཐོན་བྱུང་བའི་གནས་ཚུལ་གྱི་རི་མོར་དགོས་པ་སྐབས་བསྟུན་གྱི་གསལ་བཤད་དང་བཅས། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་ནས་ཡོངས་སུ་ཁྱབ་བསྒྲགས་བྱས་རྗེས། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་ཞབས་ཀྱིས། གསར་དུ་བདམས་ཐོན་བྱུང་བའི་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་དབང་མཚོན་པའི་སྲིད་པའི་བརྡ་དར་ཆེན་མོ་དང་། ཚོགས་པའི་ཐམ་ཀ་བརྒྱུད་འབུལ་རྩིས་སྤྲོད་བྱས་ཤིང་། དེ་རྗེས་ཚོགས་པའི་དབུ་འདྲེན་ཁོངས་མིར་གསར་དུ་བདམས་མ་ཐག་པའི་ཁོང་རྣམ་པ་དག་ཀྱང་ཚོགས་པའི་སྒྲིག་སྲོལ་ཇི་བཞིན་རང་རང་གི་མིང་ཐོབ་གྲལ་གྱི་མཐོ་དམའ་མ་འཛོལ་བའི་སྒོ་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ལས་འཛིན་གསར་བའི་ཁྲི་ལ་བཞུགས་གསོལ་མཛད་སྒོ་སྟབས་བདེ་ཞིག་ཀྱང་སྤེལ་བ་རེད།

   དེ་བཞིན་ཚོགས་འདུའི་མཇུག་ཏུ་ཞང་བོད་ཤེས་རིག་གི་ཚེ་སྲོག་དང་གཞི་གཅིག་ཏུ་སྦྲེལ་བའི་བསྟན་དོན་གྱི་བྱ་བཞག་འགངས་ཆེན་ཏེ་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ལོ་རྒྱུས་འཕེལ་རིམ་གྱི་གནས་བབ་ལ་ཐུགས་མོས་ཆེ་ཞིང་། ཉམས་མྱོང་གི་མཁྱེན་དཔྱོད་འཛོམས་པ་དང་བློ་སྟོབས་ཀྱི་ཁོག་རྒྱ་ཡངས་པའི་སྐྱེས་བུ་རྒན་དར་གཞོན་གསུམ་མི་ཉུང་བ་ཞིག་གིས། གལ་བོ་ཆེ་ལས་དོན་འདིའི་ཐད་དུ་ཕྱི་ནང་གསང་གསུམ་ནས་རྒྱབ་སྐྱོར་དང་ཐུགས་ཁུར་རྒྱ་ཆེན་པོ་གནང་བའི་བླ་མེད་མཛད་རྗེས་ལོ་རྒྱུས་ཀྱི་དེབ་ཐེར་ལ་འགོད་པ་དང་། ད་རུང་དེ་ལས་ཀྱང་གཞོན་སྐྱེས་མང་པོ་ཞིག་ལྷག་བསམ་གཙང་མའི་ཀུན་སློང་གི་འཁར་བར་དམ་གྱིས་འཇུས་ཏེ་བསྟན་དོན་ལ་ཐུགས་སྟོབས་འགྲུལ་བཞུད་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་ཡོང་བའི་སྐུལ་འདེད་བཅས་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས་ཚོགས་པའི་ཚབ་བྱས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུ་ཁྲིད་རྣམ་པར་བརྩེ་གཟིགས་བཀའ་དྲིན་ལེགས་གསོལ་གྱི་གཟི་བརྗིད་དཔང་རྟགས་ཕུལ་ཞིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དང་སྲིད་པའི་བརྡ་དར་ཆེན་མོ་དེ་ཉིད་ཐེངས་རྗེས་མའི་ཚོགས་འདུའི་སྦྱིན་བདག་སྤྲུལ་སྐུ་ཚེ་དབང་འཇིགས་མེད་རིན་པོ་ཆེ་གཙོས་པའི་ཐར་བདེ་དགོན་པའི་དམངས་གཙོའི་བདག་གཉེར་ཁང་གི་གཙོ་བདག་རྣམ་པའི་ཕྱག་ཏུ་གཏད་གཉེར་མཛད་པ་དང་བསྟུན། ཚོགས་བཞུགས་མི་སྣ་ལྷན་རྒྱས་གདན་ལས་བཞེངས་ཏེ་སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གྲངས་དང་དཔག་ཏུ་མེད་པར་འཁོད་པའི་སེམས་ཅན་གྱི་དོན་དུ་ལེགས་པར་བསྔོས་པས་མཚོན། ཐེངས་འདིའི་ཚོགས་འདུ་གཟབ་རྒྱས་ངང་མཇུག་བསྡུས་པ་རེད།

ཐེངས་འདིའི་མཐའ་མཇུག་གི་གྲོས་ཆོད།

༡ བོན་བསྟན་ཤེས་རིག་ནི་རང་ཉིད་ཐེ་བའི་སྲོག་ལྡན་སེམས་ཅན་སྤྱི་དང་ཡང་སྒོས་འགྲོ་བ་མིའི་རིགས་ལ། རྣམ་དཀར་གྱི་དཔལ་ཡོན་བསྐྲུན་པའི་གཙུག་ལག་ནོར་བུའི་ཐོན་ཁུངས་ཤིག་ཏུ་ཆགས་ཡོད་ཅིང་། བསྟན་སྤེལ་ཞེས་པ་དེ་ཡང་མཐར་གཏུགས་ན་མིའི་རིགས་ཀྱི་རིག་གནས་ཀྱི་བྱ་བཞག་རྒྱུན་འཁྱོངས་དང་དེའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པའི་ཐབས་ལམ་ཞིག་ཏུ་སོང་ཡོད་སྟབས། ང་ཚོས་རང་ཅག་ལ་རང་ཅག་གི་ཁྱད་བོན་བདོག་པའི་མི་རིགས་ཀྱི་གཟུགས་དབྱིབས་རྨ་མེད་ཅིག་དང། ལྟ་སྤྱོད་སྒོམ་པའི་བསམ་བློའི་རིན་ཐང་ཐུན་མོང་མ་ཡིན་པ་བསྐྲུན་པའི་བོན་བསྟན་ཤེས་རིག་གི་བསྟན་དོན་ཤིན་ཏུ་གལ་འགངས་ཆེ་བའི་སྐོར་རྣམས། སྔར་ལས་ལྷག་པར་འཛིན་སྐྱོང་གང་ལེགས་ཡོང་ཐབས་ཀྱི་སློབ་གསོའི་ལས་དོན་དམངས་ཁྲོད་ལ་ཁྱབ་སྤེལ་གཏོང་བར་ས་གནས་སོ་སོ་ནས་འབད་འབུངས་ལྷོད་མེད་ཡོང་བ་བྱེད་རྒྱུ།

༢ སེམས་པ་དཀར་པོ་གཙུག་ལག་ནོར་བུའི་བང་མཛོད་ལ་འདྲེན་ཞིང་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་པའི་སྒོ་ནས། སྤྱི་ཚོགས་ཀྱི་གྲུ་ཁ་སོ་སོར་བལྟ་ཐུབ་པའི་རྣམ་དཔྱོད་ཀྱི་མིག་ཟུང་བྲོད་སེམས་ཀྱི་འོད་དང་བསྡེབས་ཏེ། ལྷན་ཚོགས་ཆེན་མོར་སྲིད་གཞུང་ནས་ངོས་ལེན་ཡོད་པའི་ཆོག་མཆན་དཔང་ཡིག་ཐོབ་ཐབས་ལ་སེམས་ཀྱི་དཔའ་མི་ཉམས་པའི་འབད་བརྩོན་ལྷོད་མེད་རྒྱུན་བསྲིང་གནང་ཐུབ་པ་ཞུ་རྒྱུ།

༣ མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་མཆོག་གིས་འགན་ལེན་གཙོ་བོར་བཞེས་པ་བརྒྱུད། སྤྱི་ལོ༢༠༡༦ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཐར་བདེ་དགོན་ལ་བསྐང་རྒྱུ།

༤ མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་རག་ཞིག་ཀུན་གསལ་སྙིང་པོ་ལགས་ཀྱིས་བསྟན་དོན་ལ་སྨོན་པའི་ཐུགས་སྟོབས་ཀྱི་གོ་ཆ་བཙན་པོ་ལུས་ལ་བགོས་ཏེ། ཞང་བོད་ནང་བསྟན་རིག་པའི་བང་མཛོད་ཟླ་མེད་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དེབ་གཟུགས་སུ་དཔར་བཞེངས་གནང་བའི་ལས་གཞི་འགངས་ཆེན་དེ་ལ། མཁོ་གལ་བྱུང་ཚེ་དགོས་པ་སྐབས་བསྟུན་ལྟར་ལྷན་ཚོགས་ཀྱི་ངོས་ནས་དཔེ་བསྡུར་བྱེད་པ་སོགས་ཅི་ལ་གང་འཇོན་གྱིས་ཞབས་འདེགས་ཨེ་འཁྱོངས་ལ་འཕྱར་བ་གྲུ་འདེགས་བྱེད་རྒྱུ།

༥ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བོན་གྱི་ཐ་སྙད་རྒྱ་ཡིག་ཕབ་བསྒྱུར་གཏན་འབེབས་ཚོ་ཆུང་གིས། དང་བླངས་ངང་རྒྱ་ཡིག་ཏུ་བསྒྱུར་བཞིན་པའི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོནô~དེ་ཉིད། ད་ལོར་ཡོངས་སུ་བསྒྱུར་ཚར་བ་བྱས་ཐོག་དཔར་བསྐྲུན་འགྲེམ་སྤེལ་བྱེད་ཐབས་ཡོང་བ་གནང་རྒྱུ།

༦ འབྲུག་དཀར་གཙང་བོའི་སྟོད་རྒྱུད་ན་འཁོད་པའི་ཀན་སུའུ་ཐེ་བོའི་ས་གནས་ཀྱི་བོན་དགོན་ཁག་གིས་མཉམ་འབྲེལ་གཙོ་སྒྲུབ་བྱེད་པ་བརྒྱུད། སྤྱི་ལོ༢༠༡༧ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ་ཀན་སུའུ་ཐེ་བོ་རྫོང་ལེགས་ལུང་གཙོ་ཚང་དགོན་ལ་འཚོག་རྒྱུ་གཏན་འཁེལ་བྱས།

   ཐེངས་འདིར་དཔལ་རྒྱལ་དབང་ཤར་རྫ་པ་ཆེན་པོའི་གདན་ས་རང་གིས་གཙོར་མཛད། རྫ་ཆུ་སྔོན་མོའི་སྟོད་སྨད་དུ་འཁོད་པའི་བོན་དགོན་ཁག་དང་རྒྱ་ཆེའི་བོན་དད་མི་དམངས་མང་ཚོགས་ཡོངས་ཀྱིས་རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་ཞབས་འདེགས་ལ་མཐུ་སྟོབས་གཅིག་ཏུ་སྒྲིལ་ཞིང་། བློ་རྩེ་མཉམ་དུ་བསྡུར་བས་མ་ཚད་ཡང་ཆེད་ཉག་རོང་རྒྱ་ཞིག་དགོན་པའི་ཁྱུང་འཁོར་མཆོག་སྤྲུལ་བསོད་ནམས་ཉི་མ་རིན་པོ་ཆེ་དང་ཁོང་གི་རྒྱ་རིགས་སློབ་མ་མང་པོས་ཀྱང་། དགའ་དད་སྤྲོ་གསུམ་གྱི་འདུན་པ་ཟབ་མོ་ཕན་ཚུན་འགྲན་སློང་གི་ཚུལ་དུ་བློ་སྟོབས་ཟབ་མོ་དགུང་ལ་འཕྱུར་བཞིན་ཐེངས་འདིའི་རྒྱས་འཛོམས་ཚོགས་ཆེན་གཟབ་རྒྱས་ངང་ལེགས་འགྲུབ་ཡོང་སླད་དུ་ལུས་ངག་གི་དཀའ་སྤྱད་འབད་བརྩོན་དང་། དཀོན་པའི་རྒྱུ་ནོར་ཕོན་ཆེན་བསོད་ནམས་ཀྱི་སོན་རྩར་བཏང་གནང་མཛད་པ་སོགས་ནི་བསྟན་པའི་གཟི་བརྗིད་མཚོན་བྱེད་ཀྱི་ལྷ་དར་རིང་མོ་ཞིག་དང་། དགེ་བའི་སེམས་སྟོབས་གསོ་བྱེད་ཀྱི་རྒྱགས་ཕྱེ་བཅུད་ལྡན་ཞིགཐར་བའི་འཇུག་ངོགས་གསལ་བྱེད་ཀྱི་སྒྲོན་མེ་འོད་ཆེན་ཞིག་ཅིས་ཀྱང་ཡིན་ངེས་པ་སོགས་ཏེ། མདོར་ན། འཇིག་རྟེན་གྱི་མུན་པ་སེལ་བའི་ཤེས་རིག་ཅིག་འཛམ་གླིང་ན་སྔར་ལས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཅི་འདྲའི་ཕུན་སུམ་ཚོགས་པའི་དགེ་ལས་ཀྱི་མཐུན་རྐྱེན་དོན་ལྡན་ཞིག་རེད་ཨང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་གྱི་ཁོངས་མི་ལས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་མཚན་འཛིན་ཚོགས་གཙོ་དང་། བློ་འདྲི་ཞུ་ཡུལ་གྱི་མི་སྣ།

ཚོགས་གཙོ། རྒྱུན་ལས་ཚོགས་གཙོ་གཞོན་པ། ཚོགས་གཙོ་གཞོན་པ། དྲུང་ཆེ། དྲུང་ཡིག་ཆེན་མོ་

གཞོན་པ། དྲུང་ཡིག་པ། རྒྱུན་ལས་ལས་འཛིན་བཅས་ཀྱི་མཚན་ཐོ་ལས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་མཚན་འཛིན་ཚོགས་གཙོ།

རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།

བློ་འདྲི་ཞུ་ཡུལ་གྱི་མི་སྣ།

གཡུང་གླིང་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། མེ་མོ་དགོན་པའི་དབུ་བླ་བསྐལ་བཟང་ཉི་མ། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར། སྐྱབས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། དང་ར་ཀུན་བཟང་བསྟན་འཛིན། གདོང་བཙུན་རྒྱ་ཐར། རྟོགས་ལྡན་བསྐལ་ཁོ། སྟོང་སྐོར་ཚེ་རིང་ཐར། ཤར་བ་ཐོགས་མེད། རྫ་ཚེ་རིང་འགྱུར་མེད། ཨ་སྔགས་ཚེ་རིང་བཀྲ་ཤིས། རྒན་དོན་འགྲུབ་ལྷ་རྒྱལ། གཙོས་ངག་དབང་རྒྱ་མཚོ།

ཚོགས་གཙོ།

རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

རྒྱུན་ལས་ཚོགས་གཙོ་གཞོན་པ།

མཁན་པོ་རིག་འཛིན་དབང་རྒྱལ།

ཚོགས་གཙོ་གཞོན་པ།

ཐར་བདེ་ཚེ་དབང་འཇིགས་མེད། རྩེ་དྲུག་བསྟན་འཛིན་འོད་ཟེར། ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། མཁན་རྒྱ་མཚོ་ནོར་བུ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཁྱུང་མོ་སྟོབས་ལྡན་དབང་ཕྱུག རག་ཞིག་ཀུན་གསལ་སྙིང་པོ། སེང་སྤྲུལ་རིག་འཛིན་ཉི་མ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། བོན་མཁར་སྐལ་བཟང་རིན་ཆེན། དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ། མང་སྤྲུལ་བསོད་ནམས་གཡུང་དྲུང་། པཎ་ཙ་བསྟན་འཛིན་དར་རྒྱས། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ། ཆབ་མདོ་དགོན་པའི་བླ་མ་ཚུལ་ཁྲིམས་ནོར་བུ། ཨ་གྲགས་ཤེས་རབ་དཔལ་ཆེན། སྤྲུལ་པདྨ་རིན་ཆེན། མཁན་མོ་བདེ་ཆེན་དབང་མོ། རེབ་གོང་བོན་མང་གི་སྔགས་འཆང་བསོད་ནམས་ཚེ་རིང་།

དྲུང་ཆེ།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དྲུང་ཡིག་ཆེན་མོ་གཞོན་པ།

རིན་སྤུངས་ཚུལ་བསྟན།

དྲུང་ཡིག་པ།

མཁན་པོ་ཚེ་རིང་ནོར་བུ། དགེ་བཤེས་ཤེས་རབ་གྲགས་པ། བོན་བརྒྱ་བསྟན་པའི་ཉི་མ། སྙན་བཟང་བསོད་ནམས་གཡུང་དྲུང་། ཨ་ཀུན་གསལ་ཟླ་བ། དགེ་བཤེས་ཡོན་ཏན་ཕུན་ཚོགས། ཁྲོ་གཙུག་ཕུད་ཚུལ་ཁྲིམསལུང་དཀར་གཡུང་དྲུང་བསྟན་འཛིན། མཁན་པོ་ཚེ་དབང་རིག་འཛིན། འབྲི་རུའི་བླ་མ་ཤེལ་ཞིག་དོན་ལྷ། ལི་ཐང་ཚེ་རིང་འགྱུར་མེད། རྒྱལ་མཚན་དྲི་མེད། བཙུན་མ་འཁོར་ལྡན་ཚུལ་ཁྲིམས་བྱམས་མ།